Losar Tashi Delek (Tibetan)

12. 02. 2021

༄༅།  །བོད་རྒྱལ་ལོ་༢༡༤༨ རབ་གནས་ལྕགས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ཏ་པོ་དགོན་གྱི་འདུས་མང་དང་། གསེར་ཀོང་སློབ་གྲྭའི་དགེ་སློབ་རྣམས་དང། སྤི་ཏི་ཡུལ་དགོན་གྱི་དགེ་འདུན་དང་མི་དམངས་དེ་བཞིན་རྒྱ་གར་དབུས་དང་ས་གནས་གྱི་འགོ་དཔོན་ལས་བྱེད་རྣམས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་སྦྱིན་བདག་དང་གྲོགས་པོ་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

 

འདས་པའི་ལོ་དེར་འཛམ་གླིང་སྤྱི་མཚུངས་ལྟར་ང་ཚོ་ཚང་མར་ཏོག་དབྱིབས་ནད་ཡམས་གྱིས་རྐྱེན་པས་དུས་ཡུན་རིང་པོར་སྒོ་རྒྱ་བསྡམས་པ་དང་། ང་ཚོའི་ཡུལ་དུ་འགྲིམ་འགྲུལ་དང་འཕྲོད་རྟེན་ཞན་པས་དཀའ་ངལ་མང་དག་ཅིག་ཕྲད་ཡོད། འོན་ཀྱང་སྤི་ཏི་ཡུལ་མི་རྣམས་ནས་མཉམ་རུབ་ཀྱིས་ནད་ཡམས་དེའི་གདོང་ལེན་བྱས་ཡོད། དེའི་རྐྱེན་གྱིས་ཉམས་མྱོང་དང་བློ་བསྐྱེད་མང་པོ་ཞིག་ཀྱང་ཐོཔ་ཡོད།

 

ད་འཆར་ལ་ཉེ་བའི་ལྕགས་གླང་ལོ་གསར་བ་དེར་ང་ཚོས་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ལ་སེམས་ཤུགས་འཕར་མ་སྐྱེས་ཐབས་ལ་འབད་དགོས། འདས་པའི་ལོ་ཟླའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཅག་རྣམས་ལ་ཐུགས་བརྩེ་ཆེན་པོས་ཡང་ནས་ཡང་དུ་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལན་མང་གསལ་བཤད་བཀའ་སློབ་ཕེབས་ཡོད་པ་ང་ཚོ་ཚང་མས་གོ་ཐོས་ཐོབ་པའི་སྐལ་བཟང་ལ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་དང། ཁོང་གི་དན་བཅའ་བཞི་ནི།

  • འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས།
  • ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ།
  • བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གཏོང་ཐབས།
  • རྒྱ་གར་གྱི་འཚེ་མེད་ཞི་བ་དང། ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ། སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་བཞག་དང་དེ་བཞིན་འཁོར་ཡུག་སྲུང་སྐྱོབ་སོགས་རྒྱ་གར་ནང་བསྐྱར་གསོའི་ཐུགས་འགན་བཞེས་ཡོད།

ཁོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་ནི་སྤྱི་ཚོགས་བདེ་ཐབས་ཡར་རྒྱས་གོང་འཕེལ་ཕྱོགས་སུ་འཁྲིད་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་ལྟར། ང་ཚོས་ཀྱང་ཁོང་གི་དམ་བཅའ་མཛད་པ་བཞིན་རང་ནུས་གང་ཡོད་ཀྱིས་རང་གི་སྒྲུབ་པ་དང་གཞན་ལ་བསྐུལ་བ་སོགས་འབད་ཐབས་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་རེ་བསྐུལ་དང།
 

སླད་སྤྱི་ནོར་༸གོང་ས་༌སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸་ཞབས་པད་བརྟན་ཅིང་ཐུགས་བསྐྱེད་མཐའ་དག་འབད་མེད་ལྷུན་གྱི་འགྲུབ་པ་དང། ཡངས་པའི་རྒྱལ་ཁམས་རྣམས་སུ་ནད་མུག་འཁྲུག་རྩོད་མཐའ་དག་ཞི་ནས་འགྲོ་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཐུབ་པའི་སྨོན་འདུན་བཅས།

 

མཚན་ཞབས་གསེར་ཀོང་རིན་པོ་ཆེ།

མཁན་པོ་བསྟན་འཛིན་སྐལ་ལྡནརིན་པོ་ཆེ།

དགེ་བཟང་པོ།

གསེར་ཀོང་སློབ་གྲྭའི་སློབ་སྤྱི། ཨཅཱརྱ་བསྟན་འཛིན་རྡོ་རྗེ།

 

ཡིག་གཟུགས་དགེ་བཤེས་དགེ་འདུན་བསམ་གྲུབ་ནས་དང་དུས་འཁོར་མཆོད་རྟེན་སྐུ་པར་ཐུབ་བསྟན་ཤེས་རབ་ནས་སྒྲོན།

 

Contact

Tabo Monastery
The Institute of Studies in Buddhist Philosophy and Tribal Cultural Society (ISBP & TCS)
Village and P.O. Tabo
Distt. Lahaul and Spiti
Himachal Pradesh 172113
INDIA

 

Email:

 

Land line and mobile phone:
+91 1906 223 315
+91 94189 63082

 

Fax: +91 1906 223 403